རིག་གནས་ཀྱི་བྱེད་ལས།    དེ་འདྲའི་རིག་གནས་དེའི་བྱེད་ལས་གང་རེད་ཟེར་ན་གོང་དུ་བཤད་མ་ཐག་པ་རེད། འགྲོ་བ་མིའི་རིགས་མ་རུངས་པ་དང་། གཏུམ་པོ་དང་དམུ་རྒོད་དང་མི་ཤེས་པ་དེ་འདྲའི་གནས་སྐབས་ཤིག་ནས་ཤེས་རིག་དང་ལྡན་པ། ཡ་རབས་ཀྱི་ཀུན་སྤྱོད་ལྡན་པ་ཞིག་ལ་ཁྲིད་པ་བྱེད་པའི་ཐབས་དེ་དྲང་ཕྱོགས་ནས་བཤད་ན་རིག་གནས་ཀྱི་བྱེད་ལས་དེ་འདྲ་ཞིག་རེད།

ལྡོག་ཕྱོགས་ནས་རིག་གནས་བྱེད་ལས་འདྲ་དང་མི་འདྲ་མང་པོ་ཡོད་རེད། བྱ་བ་དེ་འདྲ་བོ་བྱེད་པ་པོ་དེ་སུ་རེད་ཟེར་ན་དགེ་རྒན་རྣམ་པ་ཚོ་ཡིན་པ་རེད། མདོར་བསྡུས་ནས་བཤད་ན་འགྲོ་བ་མིའི་རིགས་མ་རུངས་པ་དང་དམུ་རྒོད་དེ་འདྲའི་གནས་སྐབས་ནས་ཤེས་རིག་དང་ལྡན་པ་དང་། ཡ་རབས་ཀྱི་སྤྱོད་པ་དང་ལྡན་པ་རུ་འཁྲིད་པར་བྱེད་པ་པོ་དེ་སུ་རེད་ཟེར་ན་དགེ་རྒན་རེད། དེའི་ཕྱིར་ན་རང་གི་བྱ་བ་འདི་ནི་རླབས་ཆེན་དང་ལྡན་པ་ཡིན་རྒྱུ་དང་། གཟི་བརྗིད་དང་ལྡན་པ་ཡིན་རྒྱུ་དེ་ཐོག་མར་དགེ་རྒན་རྣམས་ཀྱིས་དེ་ངོ་ཤེས་དགོས་ཀྱི་ཡོད་རེད་མ་གཏོགས་དེ་ངོ་མ་ཤེས་ན། དགེ་རྒན་བྱས་ན་ཟླ་ཕོགས་མཐོན་པོ་མི་འདུག མདུན་ལམ་མི་འདུག དཔོན་ཆེན་པོ་བྱེད་རྒྱུ་མི་ཡོང་བས་ཡིན་ན་མིན་ན་གཞུང་ཞབས་པའི་ནང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་རྒྱུ་འདྲ་དང་། དེ་མིན་ནའང་བྱ་བ་གཞན་པ་ཚོང་བྱེད་རྒྱུ་སོགས་དགེ་རྒན་གྱི་ལས་གནས་ཕར་དོར་ནས་ཁེ་ལས་འདྲ་བོའི་བྱ་བ་འདྲ་མི་འདྲ་གཉེར་རྒྱུའི་བསམ་བློ་འདི་ཚོ་བསམ་བློའི་ཐོག་ནས་ཅུང་ཟད་མ་འདངས་ས་འདྲ་བོ་ཡིན་པ་རེད།

སྤྱིར་བཏང་ངས་གོང་ནས་ཟེར་རྒྱུ་དེ་རེད། འཚོ་གནས་ཀྱི་ཆེད་དུ་རང་རང་སོ་སོས་བསམ་བློ་གཏོང་དགོས་རེད། བསམ་བློ་མི་གཏོང་མཁན་ཞིག་ཡོད་ཀྱི་མ་རེད། དེ་ལ་སུས་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད་མ་རེད། ཡིན་ནའང་དེ་ཁོ་ན་མ་གཏོགས་པ་གཞན་པ་རང་གི་བྱ་བ་ལ་དོན་སྙིང་ཡོད་དམ་མེད། རང་གི་བྱ་བ་དེ་ཐམས་ཅད་པོ་ལ་ཕན་པ་ཡོད་སྤྱད་ཅིག་ཡིན་ནམ་མིན། འདི་ཚོ་ཐམས་ཅད་གང་ལའང་བསམ་བློ་མ་བཏང་ནས་དཔལ་འབྱོར་ཤ་སྟག་གི་དོན་ལ་བསམ་བློ་བཏང་ན། རིན་ཐང་གི་ལྟ་བའི་ཐོག་ནས་ནོར་བ་འབྱུང་གི་ཡོད་རེད། གལ་ཏེ་དཔལ་འབྱོར་ཤ་སྟག་མ་གཏོགས་གཞན་པ་ཅི་ཡང་མ་དགོས་ན། ད་ང་ཚོའི་རིག་གནས་ནང་ནས་མང་ཆེ་བ་ཞིག་མི་དགོས་རྒྱུ་ལོག་འགྲོ་ཡི་རེད། དེའི་ཕྱིར་དགེ་རྒན་རྣམས་ཀྱི་བྱ་བ་འདི་ངོས་འཛིན་ཡག་པོ་ཞིག་ཡོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

ཐོག་མ་རང་གི་བྱ་བ་དེས།།

གཞན་གྱི་ཤེས་རབ་མིག་ཕྱེས་ནས།། ཟེར། དགེ་རྒན་རྣམས་ཀྱིས་སློབ་གྲྭ་ནང་ནས་སློབ་མ་ཐམས་ཅད་པོ་བསྐྱངས་ནས་ཡོང་བ་རེད། སློབ་ཆུང་ཡིན་ནའང་འདྲ། སློབ་འབྲིང་ཡིན་ནའང་འདྲ། སློབ་ཆེན་ཡིན་ནའང་འདྲ་འདྲ་རེད་ཐམས་ཅད་པོས་རང་རང་སོ་སོའི་གནས་སྐབས་ཀྱི་བྱ་བ་དེ་བསྒྲུབས་ནས་འགྲོ་གི་ཡོད་རེད། དེའི་ནང་ནས་ཀྱང་སློབ་ཆུང་གི་དགེ་རྒན་གལ་ཆེ་ཤོས་རེད། དགེ་རྒན་དེས་སློབ་མ་རྨང་གཞི་རྩ་བ་ནས་མེད་མཁན་ཞིག་ལ་ཡི་གེ་ཀ་ཁ་ནས་བསླབས་ཏེ་ཅི་ཡང་མི་ཤེས་པའི་མི་ཞིག་ཤེས་རིག་དང་ལྡན་པ་དང་། སྤྱིར་བཏང་མ་རུངས་པ་དམུ་རྒོད་དེ་ཡང་དག་པར་བསྒྱུར་ཡོང་རྒྱུ་འདི་ཐོག་མ་མགོ་གང་ནས་བརྩམས་སམ་ཟེར་ན་སློབ་ཆུང་ནས་བརྩམས་པ་རེད། ཁྱད་པར་དུ་སློབ་ཆུང་གི་དགེ་རྒན་འདི་ཚོ་དངོས་གནས་དྲང་གནས་བྱ་བ་གལ་ཆེན་པོ་ཡིན་པ་རེད། ངས་གོང་དུ་བཤད་རྒྱུ་དེ་ཡིན་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཀྱི་ཐོག་ནས་ཡིན་ན་འདྲ། ཆོས་ཀྱི་ཐོག་ནས་འདི་ངོས་ཟིན་དེ་གཏིང་ཟབ་པོ་ཡོད་རེད། དེ་ཡོད་པའི་རྒྱུ་མཚན་གྱིས་ཆོས་ཀྱི་ནང་ལ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་མང་པོ་བརྗོད་ཡོད་རེད།

དགེ་བའི་བཤེས་གཉེན་གལ་ཆེ་ཚུལ་དང་། དགེ་བའི་བཤེས་གཉེན་ཡོན་ཏན་དང་ལྡན་པ་ཡིན་ཚུལ། དགེ་བའི་བཤེས་གཉེན་བཀའ་དྲིན་ཆེན་པོ་ཡིན་ཚུལ་མང་པོ་བཤད་པ་རེད། བཤད་རྒྱུའི་རྒྱུ་མཚན་དེ་ལ་རག་ལས་བསྡད་ཡོད་རེད། དེ་རིང་ང་ཚོའི་སྤྱི་ཚོགས་ཀྱི་ལས་རིགས་རྣམས་ཀྱི་ནང་ནས་འགྲོ་བ་མི་སྤྱི་ལ་བཀའ་དྲིན་ཆེ་བ་དེ་གང་རེད་ཟེར་ན། ལས་རིགས་གང་དང་གང་གི་ནང་ལ་ཡིན་ནའང་བཀའ་དྲིན་ཡོད་ཀྱི་རེད། བཀའ་དྲིན་ཡོད་ཀྱི་མ་རེད་ཟེར་དགོས་ན་དཀའ་མོ་རེད། ཡིན་ནའང་དགེ་རྒན་གྱི་ལས་རིགས་འདི་དེའི་ནང་ནས་ཤིན་ཏུ་ནས་ཀྱང་མིའི་རིགས་ལ་བཀའ་དྲིན་ཆེ་ཤོས་ཤིག་ཡིན་པ་རེད། དེ་ཡིན་པའི་རྒྱུ་མཚན་ཅི་རེད་ཟེར་ན་དགེ་རྒན་རྣམས་ཀྱིས་གཞན་གྱི་ཤེས་རབ་ཀྱི་མིག་འབྱེད་རྒྱུ་དེ་དགེ་རྒན་རྣམས་ཀྱིས་འབྱེད་ཀྱི་ཡོད་རེད། བདེ་སྐྱིད་སྣང་བ་སྐྲུན་པའི་ཕྱིར། །བདེ་སྐྱིད་སྣང་བ་སྐྲུན་རྒྱུ་དེའང་དགེ་རྒན་རྣམས་ཀྱིས་སྐྲུན་གྱི་ཡོད་རེད། རིག་གནས་མེད་ན་བདེ་སྐྱིད་ཀྱི་སྣང་བ་འབྱུང་གི་མ་རེད། ཁྱད་པར་དུ་ཁ་སང་དེ་རིང་གི་གནས་སྐབས་འདྲ་བོ་ཡིན་ན། དུས་རབས་གསར་བ་འདི་འདྲ་ཞིག་གི་ནང་ལ་རིག་གནས་རྣམ་པ་སྣ་ཚོགས་པ་འདི་མེད་པ་ཡིན་ན། བདེ་སྐྱིད་སྣང་བ་ཡོད་དམ་མེད་མང་པོ་བཤད་དགོས་ཀྱི་མ་རེད་ཚང་མས་ཧ་གོ་རེད།

ཆོས་ཕྱོགས་ནས་བཤད་ན་རིག་གནས་ཡོད་སོ་སོས་ཆོས་ཤེས་ན་སོ་སོ་རང་གི་འདོད་པ་ཐོག་ཏུ་འགྲུབ་ན་བདེ་སྐྱིད་ཀྱི་སྣང་བ་འབྱུང་གི་རེད། འཇིག་རྟེན་གྱི་ཐོག་ནས་བཤད་ན་དེ་དང་གཅིག་པ་རེད། འཇིག་རྟེན་གྱི་ཐོག་ནས་རིག་གནས་ཡོད་སོང་བ་ཡིན་ན་རང་རང་སོ་སོའི་མི་ཚེ་གཅིག་པོའི་བདེ་སྐྱིད་དང་ལྡན་པ་ཡོང་རྒྱུ་དེ་ཆོས་ཉིད་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཀྱིས་ཞིབ་ཏུ་བསམ་བློ་བཏང་ནས་རང་གི་བྱ་བ་འདི་གཟི་བརྗིད་ལྡན་པ་ཡིན་རྒྱུ་དེ་ངོས་ཟིན་ཡོད་དགོས་རེད།

ངས་དེ་རིང་དགེ་རྒན་རྣམ་པ་ཚོ་ལ་ཞུ་རྒྱུ་དོན་དག་དང་པོ་དེ་ཡིན། དགེ་རྒན་རྣམ་པ་ཚོས་དེ་དག་གོ་མཁན་ཡོད་རྒྱུ་རེད། མི་གོ་ཟེར་ན་རྩ་བ་ནས་མི་གོ་མཁན་ཡོད་རྒྱུ་མ་རེད་དེ་འདི་རྩ་འདོན་འདྲ་བོ་དང་མཐོང་ཆེན་འདྲ་བོ་བྱེད་མ་ཐུབ་པའི་སྐྱོན་གྱིས་དགེ་རྒན་གྱི་ལས་གནས་འདི་དོན་དག་ཆེན་པོ་མེད་རྒྱུ་འདྲ་དང་། དེ་ལས་གཞན་པའི་ནང་ལ་རེ་བ་རྒྱག་འདུག་རྒྱུ་དེ་རྒྱུ་མཚན་དེ་ལ་བརྟེན་ནས་འབྱུང་གི་ཡོད་རེད། དེ་བཞིན་དུ་མིའི་སྤུས་ཀ་ཇེ་བཟང་ལ་འགྲོ་དགོས་པ་ཡིན་ནའང་འདྲ། ཀུན་སྤྱོད་དང་བསམ་བློ་ཇེ་བཟང་ལ་འགྲོ་དགོས་པ་ཡིན་ནའང་འདྲ་འདི་ཚོ་ཐམས་ཅད་སློབ་གསོ་གཅིག་པུ་ལ་རག་ལས་བསྡད་ཡོད་རེད། སློབ་གསོ་སུ་ལ་རག་ལས་ཡོད་རེད་ཟེར་ན་གནད་ཐོག་ངོ་མ་དགེ་རྒན་རྣམས་ཡིན་པ་རེད། དེ་ལས་གཞན་པ་དགེ་རྒན་གཅིག་པུ་མ་གཏོགས་གཞན་གྱིས་སློབ་གསོ་སྒྲུབ་ཀྱི་ཨེ་རེད་ཟེར་ན་སྒྲུབ་ཀྱི་རེད། གཙོ་བོ་སྒྲུབ་མཁན་དེ་དགེ་རྒན་ཡིན་པས་དགེ་རྒན་རང་གི་བྱ་བ་དེ་གཟི་བརྗིད་དང་ལྡན་པར་ཧ་གོ་དགོས་རེད། གཟི་བརྗིད་དང་ལྡན་པ་ཧ་གོ་སོང་ན་དེའི་རྗེས་ནས་གང་དགོས་སམ་ཟེར་ན། མི་སུ་དང་སུ་ཡིན་ནའང་སོ་སོའི་མི་ཚེ་གཅིག་གི་བྱ་བ་ཕྱོགས་བསྡོམས་བྱེད་པའི་གནས་སྐབས་ཡོད་པ་ཧ་གོ་དགོས་རེད།

མི་ཚེ་གཅིག་གི་བྱ་བའི་རིན་ཐང་ཕྱོགས་བསྡོམས་བྱེད་པའི་སྐབས་ཤིག་ཡོང་གི་རེད། དགེ་རྒན་ཡིན་ནའང་རེད། འགོ་ཁྲིད་ཡིན་ནའང་རེད། རིག་གནས་བ་ཞིག་ཡིན་ནའང་རེད་སུ་དང་སུ་ཡིན་ནའང་དེ་འདྲ་བྱེད་ལོང་མ་ཡོང་ན་མ་གཏོགས་ལས་འཁྱུར་ངལ་གསོ་བྱེད་རྗེས་བྱ་བ་མང་པོ་ཞིག་ལ་ཕྱི་འདེང་བརྒྱབས་ནས་ཡོང་གི་རེད། དེའི་སྐབས་སུ་ད་གིན་གོང་ན་བཤད་པ་བཞིན་དུ་སེམས་བདེ་མོ་བློ་ཚིམ་པོ་ཞིག་ཡོང་བ་ཡིན་ན་མི་ལུས་ཐོབ་པའི་དོན་ཐོབ་སོང་བ་རེད། གཞན་པ་རྒྱ་ཆེན་པོ་མ་ཡོང་ན་བསམ་པ་རྣམ་དག་གི་ཐོག་ནས་སློབ་གསོ་འདི་ལ་རང་གི་ནུས་ཚོད་ཀྱིས་ཨུ་རུས་མུ་རུས་བྱས་ཡོད་བསམ་རྒྱུ་ཡོང་ན། སློབ་གསོ་ལས་གལ་ཆེ་བ་ཞིག་མི་འདུག མི་ཞིག་ཡིན་ན་ཚེ་ཕྱི་མའི་བདེ་སྐྱིད་བཤད་ཀྱི་ཡོད་རེད་དེ། མང་ཆེ་བས་ཚེ་འདིའི་བདེ་སྐྱིད་སྒྲུབ་བྱེད་ལ་ལྟ་གི་ཡོད་རེད། ཚེ་འདིའི་བདེ་སྐྱིད་སྒྲུབ་བྱེད་ཀྱི་རྩ་བ་སློབ་གསོ་ལ་ཐུག་ཡོད་རེད། དེའི་ཐོག་ལ་ཤུགས་སྣོན་བརྒྱབས་ན་དོན་གྱི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ལ་ཤུགས་སྣོན་བརྒྱབས་པ་རེད། དོན་གྱི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ལ་བྱ་བ་བསྒྲུབས་པ་རེད། སོ་སོ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྗེས་སུ་ཡང་བསམ་པ་བདེ་མོ་བློ་ཚིམ་པོ་དེ་འདྲ་ཞིག་ཡོང་ཤག་ཤག་ཡིན་གྱི་རེད།

དགེ་རྒན་རྣམས་ཀྱིས་རང་གི་བྱ་བ་འདི་རླབས་ཆེན་ཡིན་པ་ཤེས་པའི་ཐོག་ནས་ལས་གནས་འདིའི་ཐོག་ནས་བྱ་བ་སྒྲུབ་རྒྱུ་དང་བྱ་བ་སྒྲུབ་རྒྱུ་དེའང་དགའ་བཞིན་སྤྲོ་བཞིན་ཐོག་ནས་བྱ་བ་སྒྲུབ་པ་འདི་ཡོང་བ་ཡིན་ན། རང་གི་བྱ་བ་སྒྲུབ་རྒྱུ་དེ་དཀའ་སྣང་ཡོད་ཀྱི་མ་རེད། བྱ་བ་གང་དང་གང་ཡིན་ནའང་དེ་རེད་བྱ་བ་སྒྲུབ་རྒྱུ་བོ་དེ་ཟླ་ཕོགས་ཀྱི་དོན་དུ་བྱ་བ་སྒྲུབ་དགོས་ན་དཀའ་སྣང་ཡོད་ཀྱི་རེད། མི་འདོད་བཞིན་དུ་བྱ་བ་སྒྲུབ་དགོས་ན་དེ་བས་ཀྱང་སྡུག་སྣང་ཡོད་རེད། རང་གི་ངོས་ཟིན་གྱི་སྒོ་ནས་འདི་བྱ་བ་ཡང་དག་པ་ཞིག་རེད། འདི་ཕན་ཐོགས་ཡོད་པའི་བྱ་བ་ཞིག་ཡིན་འདི་ནི་ཕན་ཐོགས་ཡོད་པའི་བྱ་བ་ཡིན་པས་ངས་སྒྲུབ་དགོས་རྒྱུ་ཡིན། དེ་འདྲའི་ངོས་ཟིན་ཡོད། བྱ་བ་དེ་ལ་དགའ་སྤྲོ་ཡོད་ན་ཉིན་མཚན་ཐོག་གཏུགས་ནས་ཇི་འདྲ་སྒྲུབ་དགོས་ཀྱང་ངལ་བ་དང་དུབ་པ་ཡོད་ཀྱི་མ་རེད། ཅི་འདྲའི་ངལ་བ་བྱུང་ཅི་འདྲའི་དུབ་པ་བྱུང་ནའང་སོ་སོར་དགའ་རྒྱུ་སྤྲོ་རྒྱུ་མ་གཏོགས་ཡོད་ཀྱི་མ་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཀྱིས་སྤྱི་ཚོགས་ཐོག་ན་ལས་གནས་མང་པོ་ཞིག་ཡོད་པའི་ནང་ནས་རང་གི་ལས་གནས་འདི་རིན་ཐང་ཅི་འདྲ་ཞིག་ཡོད་འདུག་དེ་གཏན་འཁེལ་བྱེད་དགོས། དེ་གཏན་འཁེལ་བྱས་ནས་བྱ་བ་དེ་ངོས་ཟིན་སོང་བ་ཡིན་ན་དེ་ནས་དགེ་རྒན་གྱི་བྱ་བ་སྒྲུབ་རྒྱུ་འདི་དགའ་བཞིན་དུ་སྒྲུབ་རྒྱུ་དང་སྤྲོ་བཞིན་དུ་སྒྲུབ་རྒྱུ་དང་། མུ་མཐུད་ནས་སྒྲུབ་རྒྱུ་དང་ཡུན་རིང་པོའི་བར་དུ་སྒྲུབ་རྒྱུ་དེ་འདྲའི་བསམ་བློ་དེ་ཡོད་སོང་ན་སློབ་གྲྭའི་ནང་ནས་སློབ་མ་ཚོ་ལ་དངོས་གནས་དྲང་གནས་ཕན་ཐོགས་རྒྱུ་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམ་པ་ཚོས་དེ་སེམས་ལ་འཛིན་རོགས་བྱེད་དགོས། དེ་དོན་དག་དང་པོ་ཡིན། བྱ་བའི་རང་བཞིན་ཤེས་པ་ཟེར་རྒྱུ་དེ་དེ་འདྲ་རེད། གཟི་བརྗིད་ལྡན་པ་ཤེས་པར་བྱ་དགོས་ཟེར།

དགེ་རྒན་གྱི་བྱ་བའི་ཕན་གནོད་ལ་བརྟག་པ།

ད་ནི་གཉིས་པ་རེད། བྱ་བའི་རང་བཞིན་ཤེས་པ་དེའི་གཉིས་པ་རེད།

དེ་ཉིད་ལེགས་དང་ཉེན་པ་ཡིས།།

ཕན་བདེའི་ལམ་དུ་འཁྲིད་པ་དང་།།

མདུན་ལམ་གཏན་དུ་བརླགས་པ་སྟེ།།

ཕན་གནོད་རང་བཞིན་ནན་གྱིས་བརྟག།།

གཅིག་བྱས་ན་དགེ་རྒན་གྱི་བྱ་བ་འདི་རླབས་ཆེན་དང། རིན་ཐང་དང་ལྡན་པ་གཟི་བརྗིད་དང་ལྡན་པ་དེ་འདྲ་རེད། ཡིན་ན་ཡང་དགེ་རྒན་གྱི་ལས་གནས་འདི་ཁེ་ཉེན་གཉིས་ཀ་ཡོད་སའམ་ཕན་གནོད་གཉིས་ཀ་ཡོད་ས་ཞིག་རེད། སྤྱིར་བཏང་མི་ཞིག་ལ་མཚོན་པ་ཡིན་ན་སྤྱི་ཚོགས་ཀྱི་ཐོག་ནས་མི་གང་དང་གང་ཞིག་ཡིན་ནའང་ལས་གནས་གང་དང་གང་ཞིག་ཡིན་ནའང་ཕན་པའི་ཆ་ཞིག་དང་གནོད་པའི་ཆ་ཞིག་ཡོད་ཀྱི་རེད། ལས་གནས་གང་དང་གང་ཡིན་ནའང་བྱ་བ་དེ་ལེགས་པོ་ཞིག་བསྒྲུབས་ན་ཕན་པ་ཞིག་ཡོང་རྒྱུ་དང་བྱ་བ་དེ་ལེགས་པོ་ཞིག་མ་བསྒྲུབས་ན་གནོད་པ་ཞིག་འབྱུང་རྒྱུ་དེ་དགེ་རྒན་གྱི་བྱ་བ་གཅིག་པུ་མ་ཡིན་ཡང་དྲང་ཕྱོགས་ཀྱི་ནུས་པ་དང་ལྡོག་ཕྱོགས་ཀྱི་ནུས་པ་གཉིེས་རེ་ཡོད་རེད་དེ། དགེ་རྒན་གྱི་ལས་གནས་དེ་དང་མི་འདྲ། དགེ་རྒན་གྱི་ལས་གནས་འདིས་ཕན་བཏགས་ན་ཕན་ཧ་ཅང་ཆེན་པོ་ཐོགས་པ་དང་། གནོད་བསྐྱལ་ན་གནོད་ཧ་ཅང་རྒྱ་ཆེན་པོ་སྐྱེལ་གྱི་རེད། དེ་ཕྱིར་འདི་ན་ཕན་གནོད་རང་བཞིན་ནན་གྱིས་བརྟག་ཟེར་ནས་ནན་ཏན་གྱི་སྒོ་ནས་བརྟག་དཔྱད་བྱེད་དགོས་རེད་ཟེར། ཕན་གནོད་རང་བཞིན་ནན་ཏན་གྱི་སྒོ་ནས་བརྟག་དཔྱད་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན། དེ་ཉིད་ལེགས་དང་ཉེན་པ་ཡིས།། ཟེར་དགེ་རྒན་གྱི་ལས་གནས་འདི་སྤྱིར་རླབས་ཆེན་དང་ལྡན་པ་དང་གཟི་བརྗིད་དང་ལྡན་པ་ཞིག་རེད། ཡིན་ནའང་བྱ་བ་དེ་ཉིད་ལེགས་པོ་བསྒྲུབས་པ་དང་བྱ་བ་དེ་ཉིད་ལེགས་པོ་མ་བསྒྲུབས་ན་དེ་གཉིས་ཀྱི་ཕན་གནོད་གང་འབྱུང་གི་ཟེར་ན།

དགེ་རྒན་གྱི་བྱ་བ་ལེགས་ན།

ཐོག་མར་བྱ་བ་དེ་ལེགས་པོ་ཞིག་བསྒྲུབས་ན་ཕན་བདེའི་ལམ་དུ་ཁྲིད་པ་རེད་ཟེར། རིག་གནས་ཀྱི་བྱ་བའམ་སློབ་གསོའི་བྱ་བ་ལེགས་པོ་ཞིག་བསྒྲུབས་པ་ཡིན་ན་ཆེ་ས་ནས་བཤད་ན་འགྲོ་བ་མིའི་རིགས་དང་། འབྲིང་ས་ཞིག་ནས་བཤད་ན་བོད་མི་རིགས་ཟེར་ན་ཆོག་གི་འདུག ཆུང་ས་ཞིག་ནས་བཤད་ན་སློབ་ཆུང་ཞིག་གི་དགེ་རྒན་ཡིན་ན་ཚོ་བ་གཉིས་གསུམ་གསུམ་བཞིའི་སློབ་མ་རྣམས་ཀྱི་དགེ་རྒན་ཡིན་རྒྱུ་རེད། ཡུལ་ཚོ་དེ་དག་གི་སློབ་མ་རྣམས་ཕན་པ་དང་བདེ་བའི་ལམ་དུ་འཁྲིད་ཀྱི་རེད། རིག་གནས་ཡོད་ན་ཕན་པ་དང་བདེ་བ་ངང་གིས་འབྱུང་གི་རེད། རིག་གནས་མེད་ན་ཕན་པ་དང་བདེ་བ་མི་འབྱུང་གི ང་ཚོའི་ཆོས་ཕྱོགས་ནས་བཤད་ན་གྲྭ་པ་ཞིག་ཡིན་ན་རིག་གནས་མེད་ན་ཆོས་སྒྲུབ་ལུགས་ཡོད་ཀྱི་མ་རེད། འཇིག་རྟེན་གྱི་ཐོག་ནས་བཤད་ན་རིག་གནས་མེད་ན་བྱ་བ་ལས་ཐུབ་ཀྱི་མ་རེད། སྔོན་གྱི་དུས་སུ་ཞིང་ལས་ཀྱི་སྤྱི་ཚོགས་དེ་དག་གི་སྐབས་སུ་ཡིན་ན་རིག་གནས་རྒྱ་ཆེན་པོ་མེད་ན་ཡང་རང་རང་སོ་སོས་ཞིང་ལས་དོན་དུ་གཉེར་ནས་བསྡད་ན་དེའི་སྐབས་སུ་ཁ་སོས་ཀྱི་ཡོད་རེད་དྲག་གི་ཡོད་རེད། ཁ་སང་དེ་རིང་དུས་རབས་འདི་འདྲ་ཞིག་ཐོན་ཡོད་དུས། བྱ་བ་གང་དང་གང་ཞིག་བསྒྲུབས་པ་ཡིན་ནའང་ཁྱད་པར་དུ་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པ་ནས་བཟུང་སྟེ། བཟོ་ལས་གསར་བརྗེ་དར་ནས་བྱ་བ་གང་དང་གང་ཡིན་ནའང་བཟོ་རིག་པའི་ཐོག་ནས་འགྲོ་བ་དང་ལག་རྩལ་གྱི་ཐོག་ནས་འགྲོ་རྒྱུ་འདི་འདྲ་རེད། དེ་འདྲ་ཡིན་པས་དེ་འདྲའི་སྐབས་སུ་རིག་གནས་མེད་པ་ཡིན་ན་གང་འདྲ་ཡོང་ས་རེད། སྤྱིར་རིག་གནས་མེད་ན་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་མི་ཐུབ་པ་དང་། ཁྱད་པར་དུ་རིག་གནས་འདི་ཚོ་ད་ལོ་ལས་སང་ཕོད་སོགས་བརྗེས་ནས་འགྲོ་གི་ཡོད་རེད། གསར་དུ་བརྗེས་ནས་འགྲོ་སྐབས་རིག་གནས་མེད་ན་བྱ་བ་གང་ཡིན་ཡང་སྒྲུབ་མི་ཐུབ་པ་རེད། རིག་གནས་ཡོད་སོང་ན་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་ཀྱི་རེད། བདེ་སྐྱིད་ལམ་དུ་འཁྲིད་མཁན་སུ་རེད་ཟེར་ན་དགེ་རྒན་རྣམ་པ་རེད།

དགེ་རྒན་གྱི་བྱ་བ་ཉེན་ན།

ཕྱོགས་གཅིག་ནས་སམ་ལྡོག་ཕྱོགས་ནས་བཤད་ན། མདུན་ལམ་གཏན་དུ་བརླགས་པ་སྟེ།། ཟེར་གལ་ཏེ་དགེ་རྒན་གྱིས་སློབ་གྲྭ་ནང་ནས་སློབ་ཁྲིད་ཡག་པོ་མ་བྱས་ན། དཔེར་ན་སློབ་གྲྭ་ཞིག་ནང་ན་དགེ་རྒན་གཅིག་ལ་འཛིན་གྲྭ་གཅིག་གི་ནང་ལ་སློབ་མ་བཞི་ཅུ་དང་སློབ་མ་ལྔ་བཅུ་ཡོད་ཁག་གྱིས། དགེ་རྒན་དེས་བྱ་བ་དེའི་ཐོག་ནས་བྱ་བ་དོན་གཉེར་མ་བྱས་སློབ་མ་ལ་སེམས་ཁུར་མ་བྱས་པ་ཡིན་ན། དེས་ན་སློབ་མ་དེ་ལ་གནས་སྐབས་སུ་གནོད་པ་ཅུང་ཟད་བསྐྱལ་བ་དེ་མ་རེད། དེའི་མདུན་ལམ་རྩ་བ་ནས་མེད་པ་བྱས་བཞག་པ་རེད། སློབ་མ་དེ་ལོ་ཚོད་བརྒལ་འགྲོ་གི་ཡོད་རེད། ལོ་བཅུ་ལོན་ན་བཅོ་ལྔ་ལོན་ན་ཉི་ཤུ་ལོན་ན་སུམ་ཅུ་ལོན་ན་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་ཀྱི་མ་རེད། ཡིན་ན་མིན་ན་ལོ་དྲུག་བདུན་ནས་བཟུང་། དེ་མན་ཆོད་བཅུ་གཅིག་བཅུ་གཉིས་ནས་སློབ་ཆུང་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། ཁྱད་པར་བྱིས་པའི་དུས་སྐབས་འདི་ནི་ཞིང་ཞིག་མཚོན་པ་ཡིན་ན་དཔྱིད་ཀའི་དུས་སྐབས་འདྲ་བོ་རེད། དཔྱིད་ཀའི་དུས་སྐབས་སུ་བྱ་བ་མ་བསྒྲུབས་ལོ་ཏོག་མ་རྨོས། ཞིང་ལས་མ་བྱས་ན་དེ་ནས་དབྱར་ཀ་དང་སྟོན་ཁ་རེད་ཚར་དུས་དེའི་སྐབས་སུ་བསྒྲུབ་ས་ཡང་ཡོད་ཀྱི་མ་རེད། བསྒྲུབས་ན་ཡང་ཕན་ཐོགས་མེད་པ་དེ་འདྲ་ཡིན་པས་དགེ་རྒན་གཅིག་གིས་དངོས་གནས་དྲང་གནས་ཀྱིས་སློབ་གསོའི་བྱ་བ་འདི་ཡང་དག་པ་བསྒྲུབས་ན་རང་གི་འཛིན་གྲྭ་གཅིག་གི་ནང་ལ་ཡོད་པའི་མི་བཞི་བཅུ་ལྔ་བཅུ་པོ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་ཀྱི་ཡོད་རེད། གལ་ཏེ་ལས་གནས་དེའི་ཐོག་ནས་འགན་མ་ཁུར་སློབ་གསོ་ཡག་པོ་མ་བྱས་ན་མི་བཞི་བཅུ་ཡོད་ན་ལྔ་བཅུ་ཡོད་ན་དེ་ཉིད་ཀྱི་མདུན་ལམ་གཏན་དུ་བརླགས་པ་རེད། དེ་མི་གཞན་པ་ཞིག་གིས་གནོད་བསྐྱལ་བ་དང་མི་འདྲ། མི་གཞན་པ་ཞིག་གིས་གནོད་བསྐྱལ་ན་སྤྱི་ཚོགས་ཀྱི་ཐོག་ནས་མི་ཞིག་གི་ཚོང་ཁེ་སྤྱད་དང་དེ་འདྲ་ཞིག་གི་ཐོག་ཏུ་གནོད་པ་བསྐྱལ་བ་ཡིན་ན། དེ་གནོད་པ་རེད། ཡིན་ནའང་མི་ཚེའི་མདུན་ལམ་གཏན་དུ་མེད་པ་བྱས་བཞག་པ་འདྲ་བོ་དེ་འདྲའི་གནོད་པ་མ་རེད། དེའི་གནོད་པ་དེ་གནས་སྐབས་གནོད་པ་རེད་དེ་ཕྱིར་གསར་དུ་བཅོས་ན་བཅོས་རྒྱུ་ཡོད་རེད། དགེ་རྒན་གྱི་གནོད་པ་དེ་ནི་བཅོས་མེད་ཀྱི་གནོད་པ་རེད།

དཔེར་ན་བྱིས་པ་དེ་ཚོ་སློབ་ཆུང་གི་ནང་དུ་ལོ་བདུན་ནས་བཅུ་གཉིས་ཀྱི་བར་དུ་སློབ་སྦྱོང་བྱེད་པའི་སྐབས་སུ་དགེ་རྒན་གྱིས་འགན་མ་ཁུར་དེ་འདྲ་བྱས་པ་ཡིན་ན་ལོ་བཅུ་གསུམ་ལ་སོན་ཚར་དུས་སློབ་ཆུང་གང་དུ་འགྲོ་སློབ་ཆུང་ལ་འགྲོ་ས་མི་རག སློབ་ཆུང་གི་ནང་ལ་འགྲོ་ས་མེད་ན་སློབ་འབྲིང་སློབ་ཆེན་རིམ་པ་བཞིན་དུ་འགྲོ་ས་མེད་པ་དེ་ལྟར་ཡིན་པས། དེ་མི་ཚེ་གཅིག་པོའི་བཅོས་མེད་ཀྱི་གནོད་པ་རེད། དེའི་ཕྱིར་དགེ་རྒན་གྱི་བྱ་བ་འདི་ལེགས་ན་ལེགས་པོ་དང་ཡིན་ནའང་ཉེན་ན་ཉེན་ཚབས་ཧ་ཅང་ཆེན་པོ་ཡོང་གི་ཡོད་པས། དགེ་རྒན་རྣམས་ཀྱིས་ཕྱོགས་གཅིག་ནས་རང་གི་བྱ་བ་འདི་རླབས་ཆེན་དང་ལྡན་པ་ཡིན་པ་དང་གཟི་བརྗིད་དང་ལྡན་པ་ཡིན་པ་ཤེས་ནས་མུ་མཐུད་ནས་སློབ་གསོའི་བྱ་བ་འདི་བསྒྲུབ་དགོས་པ་དང་། ཕྱོགས་གཞན་གཅིག་ནས་གལ་ཏེ་རང་གི་བྱ་བ་འདི་ལས་གནས་འདིའི་ཐོག་ནས་ཡག་པོ་ཞིག་མ་བསྒྲུབས་ན། དེས་ན་སློབ་མ་ཚོ་ལ་ཅི་འདྲའི་གནོད་པ་ཡོང་གི་འདུག གནོད་པ་འདི་ཚོ་གནོད་པ་ཆུང་ཆུང་ཞིག་དང་རྩ་བ་ནས་མི་འདྲ་བས་དགེ་རྒན་རྣམ་པས་འདི་ལ་བསམ་བློ་གཏོང་དགོས་ས་རེད། དེ་འདྲ་མ་བྱས་ན་འདི་གནོད་ཚབ་ཤིན་ཏུ་ཆེན་པོ་རེད། ད་གིན་གོང་དུ་བཤད་རྒྱུ་དེ་རེད་སྤྱི་ཚོགས་ཀྱི་ཐོག་ནས་མི་དང་མིའི་བར་ལ་ཕན་པ་ཡང་ཡོད་རེད། གནོད་པ་ཡང་ཡོད་རེད། གནོད་པ་མང་ཆེ་ཤོས་ནི་དེ་རིང་གནོད་པ་བྱས་ན་སང་ཉིན་གནོད་པ་ཕྱིར་བཅོས་ནའང་བཅོས་རྒྱུ་ཡོད་པ་ཞིག་རེད།

ཡིན་ནའང་དགེ་རྒན་གྱི་གནོད་པ་དེ་ནི་མི་ཚེ་གཅིག་པོའི་མདུན་ལམ་རྩ་བ་ནས་བརླགས་པས། འདི་ནའང་དེ་ཟེར་བ་ཡིན། མདུན་ལམ་གཏད་དུ་བརླགས་པས་ན།། ཟེར། མི་ཚེ་གཅིག་ལ་སློབ་ཆུང་གི་ནང་དུ་གཅིག་མ་གཏོགས་འགྲོ་རྒྱུ་མེད་པ་དང་། མི་ཚེ་གཅིག་ལ་སློབ་འབྲིང་གི་ནང་ལ་གཅིག་མ་གཏོགས་འགྲོ་རྒྱུ་མེད། སློབ་འབྲིང་གི་ནང་ལ་ཐེངས་གཅིག་སོང་ཐེངས་གཉིས་སོང་དེ་འདྲ་མེད། སློབ་ཆུང་གི་ནང་ཐེངས་གཅིག་སོང་དེས་སློབ་སྦྱོང་ཡག་པོ་མ་རེད་ན་ཡང་སློབ་ཆུང་ནང་ལ་འགྲོ་རྒྱུ་གོ་སྐབས་དེ་ནི་མེད། ལོ་གཅིག་གི་ནང་ལ་དཔེར་ན་བོད་ཀྱི་ས་ཆ་ལྟ་བུ་མཐོ་སྒང་འདིར་ས་ཞིང་འདེབས་པའི་དུས་ཚོད་དཔྱིད་ཀའི་དུས་མ་གཏོགས་མེད་པ་རེད། ས་ཆ་དྲོ་ས་ལ་ཐེངས་གཉིས་ཐེངས་གསུམ་དེ་འདྲ་ཡོད་ཀྱང་ང་ཚོའི་ས་ཆ་ན་དུས་ཚོད་གཅིག་མ་གཏོགས་མེད་པས། གཅིག་པོ་དེ་འཕྲོ་བརླགས་བྱས་བཞག་ན་ལོ་གཅིག་པོ་དེ་ལ་ས་བོན་འདེབས་པའི་གོ་སྐབས་གཏན་དུ་བརླགས་ཚར་སོང་བ་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཀྱི་བྱ་བ་དེ་གཟི་བརྗིད་དང་ལྡན་པ་རླབས་ཆེན་རེད་དེ་ཉེན་ཁ་ཅན་ཞིག་རེད།

དེ་འདྲ་ཡིན་པ་རེད། མགོ་ལོག་གི་སློབ་མ་དང་ཁམས་ཕྱོགས་ཀྱི་སློབ་མ་གཉིས་གྲངས་མང་ཉུང་བསྡུར་ན། མགོ་ལོག་གི་སློབ་མ་མང་གི་འདུག ང་འབྲོག་ཐོག་རྣམས་སུ་འགྲོ་དུས་མགོ་ལོག་གི་སློབ་གྲྭ་འགའ་རེ་ཡི་ནང་ལ་ཐོན་པས་གྲངས་མང་ཉུང་གི་ཐོག་ནས་བཤད་ན་གྲངས་མང་པོ་རེད། གཏན་གནས་ཀྱི་སློབ་གྲྭ་ཡིན་ན་མིན་ན་སློབ་གྲྭ་ཆུང་ངུའི་ནང་ལ་བྱིས་པ་སུམ་བརྒྱ་ཡས་མས་ཡོད་ས་དེ་འདྲ་འདུག ཁམས་ཕྱོགས་ན་རྫོང་ཁག་ལ་ལའི་སློབ་གྲྭ་མིང་གི་ཐོག་ནས་ཉིས་བརྒྱ་དང་སུམ་བརྒྱ་ཟེར་ཡང་། དོན་གྱི་ཐོག་ནས་སློབ་གྲྭ་རེ་རེའི་ནང་དུ་སློབ་མ་བཞི་བཅུ་དང་ལྔ་བཅུ་བརྒྱ་རེ་ཙམ་མ་གཏོགས་མེད་པ་དེ་འདྲ་ཡིན་རྒྱུ་རེད། མི་མང་ཉུང་གིས་བཤད་ན་མགོ་ལོག་དང་ང་ཚོའི་ས་ཆ་བསྡུར་བ་ཡིན་ན་མགོ་ལོག་གི་རྫོང་གཅིག་གི་མི་ལས་ང་ཚོའི་རྫོང་གཅིག་གི་མི་མང་གི་རེད། མགོ་ལོག་གི་ཡུལ་ཚོ་གཅིག་གི་མི་ལས་ང་ཚོའི་ཕྱོགས་ཀྱི་ཡུལ་ཚོ་གཅིག་གི་མི་མང་གི་རེད། ཡིན་ནའང་སློབ་གྲྭའི་ནང་དུ་ཐོན་རྒྱུ་སློབ་མ་མགོ་ལོག་མང་བསྡད་ཡོད་འདུག

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com