94fe13a8 70fb 48f3 b7cf 67e320974d18

ང་སྤྱི་ལོ༡༩༣༦་ལོའི་ཟླ་༤་ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་སྐུ་འབུམ་ལྷ་སྡེ་རུ་སྐྱེས་པ་དང་།ཕ་མིང་ལ་དོན་འགྲུབ་དང་མ་མིང་ལ་སྒྲོལ་མ་ཟེར་གྱི་ཡོད།  བུ་གཉིས་དང་བུ་མོ་གཉིས་བཅས་མིང་སྲིང་བཞི་ཡོད། ངའི་ཕ་དམ་པ་ང་ཆུང་དུས་ནས་དགོངས་པ་རྫོགས་པ་དང་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན། ལོ་བཅུ་གསུམ་བར་དུ་སློབ་གྲྭར་འགྲོ་མྱོང་ཡོད། སྐབས་དེར་ངེད་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་དང་ཕྱུག་ཟོག་གང་ལ་གང་འཚམ་ཡོད། ཞིང་ས་ཆེན་པོ་ཡོད་པ་དང་ཚལ་སོགས་བཏབ་ནས་འཚོ་བ་ཧ་ཅང་ཡག་པོ་དང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ཁྱིམ་ཚང་ཚད་ལྡན་ཞིག་ཡིན། ད་དུང་ཕིན་སོགས་བཟོས་ནས་ཚོང་ལས་ཆུང་ཆུང་ཞིག་ཀྱང་གཉེར་ཡོད།  ངའི་ཨ་ཕའི་སྤུན་མཆེད་ཞིག་ལྷ་ས་ན་ཡོད། ཁོང་གི་ང་ཚོ་ནང་མི་ལ་རོགས་རམ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་སྐྱེས་དུས་ད་དུང་ང་ཚོའི་ས་ཆ་ལ་རྒྱ་མི་སླེབས་མེད། ང་ལོ་བཅུ་གསུམ་ལ་སླེབས་པའི་རྗེས་ནས་རྒྱ་མི་སླེབས་པ་རེད། ངའི་ཨ་ཁུས་ལྷ་ས་དང་ཨ་མདོ་བར་ལ་ཚོང་རྒྱག་གི་ཡོད། ༡༩༥༤་ལོར་ང་ལྷ་ས་ལ་སླེབས་སོང་། སྐབས་དེར་ལྷ་ས་ནས་ངའི་ཨ་ཁུ་ལ་ཚོང་ཁང་དང་ས་ཞིང་སོགས་ཡོད་པ་མ་ཟད་ཡབ་གཞིས་ཚང་དང་ཡང་དགའ་ཉེའི་འབྲེལ་བ་ཡག་པོ་འདུག དེ་དུས་ཡབ་གཞིས་ཚང་ལ་ས་ཞིང་དང་ཚལ་ཞིང་ཧ་ཅང་ཆེན་པོ་ཡོད། སྐབས་དེར་ཡབ་གཞིས་ཚང་གི་རྨོ་ལགས་ཡང་བཞུགས་ཡོད། རྨོ་ལགས་ཀྱི་མིང་དངོས་དེ་ངས་མི་ཤེས་མོད། འོན་ཀྱང་ང་ཚོ་ཚང་མས་ཁོང་ལ་རྨོ་ལགས་ཞེས་འབོད་ཀྱིན་ཡོད། རྨོ་ལགས་ནི་མི་གཤིས་བཟང་ལ་མི་ཚང་མར་ཧ་ཅང་བྱམས་སྐྱོང་གནང་མཁན་ཞིག་ཡིན།

མདོ་སྨད་སཱ་ལའི་སྨན་ལྗོངས་ཞེས་ཡོངས་སུ་གྲགས་པ་དེ་ནི་༧རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སའི་བྱེ་བྲག་ཅིག་ཡིན་ཞིང་། དེ་ལ་ཨ་མདོ་འམ་མདོ་སྨད་ཅེས་འབོད་སྲོལ་དུ་གྱུར་བ་ནི་བཻ་སེར་དང་རྗེ་ཙོང་ཁ་བའི་རྣམ་ཐར་སོགས་ལས་གསུངས་ཚུལ་ལྟར་ན།མདོ་སྨད་ཀྱི་ཡུལ་འདི་ནི་བོད་རྒྱལ་ཁམས་ཀྱི་མཐའ་ན་ཡོད་པའི་རྒྱུ་མཚན་གྱིས་ཡུལ་དེ་ལ་ཁམས་ཞེས་པ་དང་།

ཁམས་དང་ཨ་མདོ་གཉིས་བསྡོམས་པའི་ཡུལ་བྱིངས་ལ་མདོ་ཁམས་ཞེས་བྱ། དེ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྨད་ཀྱི་ཆ་ལ་མདོ་སྨད་དུ་འདོད། ཁམས་དང་ཨ་མདོ་ཞེས་པ་ཡང་སྨད་མདོ་ཁམས་སྒང་གསུམ་དུ་ཕྱེ་བ་ལས་གཡར་མོ་ཐང་དང་ཙོང་ཁ་གྱི་ཐང་བཏགས་པའི་ཁམས་གཉིས་ནི་ཨ་མདོ་དང་། སྨར་ཁམས་ནི་བར་ཁམས་ལ་ངོས་འཛིན་དགོས་པ་དེབ་ཐེར་རྒྱ་མཚོ་སོགས་ལས་གསུངས་སོ།། ཡུལ་དེ་ལ་མགོ་ནག་མིའི་ལོ་རྒྱུས་ཀྱི་བྱུང་བ་དང་ཡུལ་ལུགས་གོམས་སྲོལ་གྱི་རྣམ་པ་མི་འདྲ་བ་ཡོད་པ་མ་ཟད།

བོད་བྱིངས་ལ་ཤེས་རིག་གི་བྱུང་བ་ཡོད་པ་ལྟར་ཡུལ་དེ་ལའང་ཤེས་རིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཡོད་པ་དང་། རང་བྱུང་ཁོར་ཡུག་གི་རྣམ་པ་མཛེས་ཤིང་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྣ་མང་ཡོད་པའི་ཡུལ་ཁྱད་པར་ཅན་ཞིག་ཡིན། ཡུལ་དེར་གནས་པའི་མི་རྒྱུད་ནི། ཆེས་སྔ་མོའི་དུས་ནས་ས་དེར་གནས་པའི་མི་རྒྱུད་ཁག་ཅིག་དང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་པ་ནས་བཟུང་། ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱ་ནག་དང་དམག་འཁྲུག་ཐེངས་མང་བརྒྱབ་པའི་ནང་མཐའ་མཚམས་སྲུང་སྐྱོབ་ཆེད་བོད་དམག་ཁྲི་ཕྲག་མང་པོ་མདོ་སྨད་ཀྱི་ས་ཁུལ་སོ་སོར་གཏན་སྡོད་བྱས་པ་ལས་མཆེད་པའི་མི་རྒྱུད་ཕན་ཚུན་འདྲེས་ནས་བྱུང་བ་ལོ་རྒྱུས་ཁག་ན་གསལ་ཡོད། དེ་ཡང་སྒ་དང་། འབྲུ། བསེ། རྨུ། ལྡོང་། སྟོང་བཅས་བོད་ཀྱི་རྩ་བའི་རུས་ཆེན་དྲུག་ལས་མཆེད་པའི་བཙན་པོའི་གདུང་རྒྱུད་ཤ་སྟག་ཡིན། དཔེ་མཚོན་ཙམ་ཞུས་ན། དེང་སྐབས་མདོ་སྨད་ཁུལ་གྱི་རུ་སྡེ་མང་པོ་ཞིག་གི་མིང་གི་འདོག་སྟངས་ཡང་སྔོན་བཙན་པོའི་སྐབས་ཀྱི་རུ་དཔུང་གི་མིང་དང་དེ་བཞིན་རྩ་བའི་རུས་ཆེན་དྲུག་གམ་བཞི་ལྟར་བཏགས་ཡོད། དེ་ལ་རུ་དཔུང་གི་མིང་བཏགས་ཡོད་པ་ནི སྒ་རུ། གཡས་རུ། གཡོན་རུ། རྨོག་རུ། འཁྱམ་རུ། འབྲོག་རུ། ཁེར་རུ། རུ་མང་། རྟ་མང་སོགས་དང་། དེ་བཞིན་དུ་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་འབོད་པ་ལ་ཡང་དཔལ་ཤུལ་དང་། དམེ་ཤུལ། མགོན་ཤུལ། བདུལ་ཤུལ། རྫ་ཤུལ། ཁྱོ་ཤུལ། རག་ཤུལ། བན་ཤུལ། ཐར་ཤུལ། སྨན་ཤུལ། ཕྱག་ཤུལ། འཕན་ཤུལ་སོགས་དང་། ཚ་ཆེན་བཅོ་བརྒྱད་དུ་གཏོགས་པར་གཅན་ཚ། རྐང་ཚ། གཟི་ཚ། ལྡི་ཚ། གཡུ་ཚ། ཕྱག་ཚ། རེབ་ཚ། དམུ་ཚ། ཁྲོམ་ཚ། རྒོད་ཚ། སྟག་ཚ། རག་ཚ། འཚམ་ཚ། ཟམ་ཚ། ཧུར་ཚ། ཏོག་ཚ། འགག་ཚ། མགོ་ཚ་བཅས་དང་། གཞན་ཡང་ཁ་གྱ་དང་། རྒན་གྱ། སྐྱ་གྱ། དོ་གྱ། ཤ་གྱ་སོགས་མང་པོ་དང་། སའི་ཆགས་དབྱིབས་ཀྱི་ཆ་ནས་དགུ་རོང་དང་། རྒྱལ་རོང་བཅས་རོང་ཆེན་བཞིའི་ཁྱབ་ཁོངས་སུའང་གནས་ཡོད། ཞིབ་ཕྲའི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་དང་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་སོགས་ལ་གཟིགས་ན་རྟོགས་སླ། སྤྱི་ལོ་༢༠༠༠ ལོར་རྒྱ་གཞུང་གིས་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་མདོ་སྨད་ཀྱི་ཡུལ་གྲུ་ཁག་ཏུ་བོད་རྒྱའི་མི་གྲངས་ཀྱི་གནས་སྟངས་ནི། མཚོ་སྔོན་ཞིང་ཆེན་ནང་ཁྱོན་བསྡོམས་མི་གྲངས་༼༤༨༢༢༩༦༣༽ས་ཡ་བཞི་འབུམ་བརྒྱད་ཁྲི་གཉིས་སྟོང་གཉིས་དགུ་བརྒྱ་དྲུག་ཅུ་རེ་གསུམ་ཡོད་པ་ལས། བོད་མི་༼༡༠༨༦༥༩༢༽ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་ལྔ་བརྒྱ་གོ་གཉིས་ཡོད་པ་དང་རྒྱ་རིགས་༼༢༦༠༦༠༥༠༽ས་ཡ་གཉིས་དང་དྲུག་འབུམ་དྲུག་སྟོང་ལྔ་བཅུ་ཡོད། རྒྱ་ནག་ཀན་སུའུ་ཞིང་ཆེན་ནང་ཁྱོན་བསྡོམས་མི་གྲངས་༼༢༥༡༢༤༢༨༢༽བྱེ་བ་གཉིས་དང་ས་ཡ་ལྔ་ཆིག་འབུམ་ཉིས་ཁྲི་བཞི་སྟོང་ཉིས་བརྒྱ་གྱ་གཉིས་ཡོད་པ་ལས། བོད་མི་༼༤༤༣༢༢༨༽བཞི་འབུམ་བཞི་ཁྲི་སུམ་སྟོང་ཉིས་བརྒྱ་ཉེར་བརྒྱད་ཡོད་པ་དང་རྒྱ་རིགས་༼༢༢༩༢༥༠༦༣༽བྱེ་བ་གཉིས་དང་ས་ཡ་གཉིས་དགུ་འབུམ་ཉིས་ཁྲི་ལྔ་སྟོང་དྲུག་ཅུ་རེ་གསུམ་ཡོད་ལ། རྒྱ་ནག་ཟི་ཁྲོན་ཞིང་ཆེན་འོག་གི་ཨ་མདོ་རྔ་བ་ཁུལ་ནང་༼༨༤༧༤༦༥༽བརྒྱད་འབུམ་བཞི་ཁྲི་བདུན་སྟོང་བཞི་བརྒྱ་རེ་ལྔ་ཡོད་པ་ལས། བོད་མི་༼༤༥༥༢༣༨༽བཞི་འབུམ་ལྔ་ཁྲི་ལྔ་སྟོང་ཉིས་བརྒྱ་སོ་བརྒྱད་ཡོད་པ་དང་། རྒྱ་རིགས་༼༢༠༩༢༧༠༽ཉིས་འབུམ་དགུ་སྟོང་ཉིས་བརྒྱ་བདུན་ཅུ་བཅས་ཡོད་པས། མདོ་སྨད་ས་ཆའི་བོད་མི་ལས་མི་རིགས་གཞན་གྱིས་བརྒྱ་ཆ་མཐོ་བོར་བཟུང་ཡོད། ཡུལ་འདིའི་ཕྱི་སྣོད་ཀྱི་བཀོད་པ་ནི་ས་དབྱིབས་ཆགས་ཚུལ་གྱི་ཐོག་ནས་མདོ་ལ་རིང་མོའི་རི་རྒྱུད་དང་། ཚྭ་འདམ་གཤོངས་ས། ལྷོ་ཕྱོགས་མཐོ་སྒང་བཅས་གསུམ་དུ་དབྱེ་ནས་བརྗོད་ན་མདོ་སྨད་བྱིངས་ཀྱི་རི་ལུང་གི་རྣམ་པ་ཐམས་ཅད་རི་རྒྱུད་དེ་དག་དང་འབྲེལ་ཆགས་སུ་ཡོད་པ་དང་། ཆེས་མཐོ་ཤོས་ཀྱི་རི་བོ་རྒྱ་མཚོའི་ངོས་ནས་མི་ཊར་དྲུག་སྟོང་བརྒྱད་བརྒྱ་དྲུག་ཅུས་མཐོ་བ་དང་། ཆེས་དམའ་ཤོས་རྒྱ་མཚོའི་ངོས་ལས་མིས་ཊར་ཆིག་སྟོང་དྲུག་བརྒྱ་ཡས་མས་ཡིན། དེ་དག་ལས་མཐོ་ཚད་ལྔ་སྟོང་ཡན་གྱི་རི་རྒྱུད་ཡོངས་ལ་དུས་བཞིར་དབྱེ་བ་མེད་པར་ཁ་བས་གཡོགས་ཡོད་པས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཞེས་བརྗོད་པ་དོན་ལ་གནས་པ་ཞིག་ཡིན། རི་རྒྱུད་དེ་དག་ལས་འབབ་པའི་ཆུ་ཀླུང་གྲངས་མེད་པས་རེ་རེ་བཞིན་བརྗོད་དཀའ་ཡང་། ཕྱིའི་རྒྱ་མཚོར་འབབ་པས་ཕྱིར་འབབ་ཆུ་བོ་སྟེ་འཛམ་གླིང་ལ་གྲགས་པའི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་དང་། ཕྱིའི་རྒྱ་མཚོར་མི་འབབ་ཞིང་ནང་གི་མཚོ་དང་བྱེ་ཐང་སོགས་ལ་སིམ་པས་ནང་འབབ་ཆུ་བོ་ཞེས་ཤིན་ཏུ་མང་། ད་དུང་འཛམ་གླིང་ཕྱི་ན་ཁོ་ཁོ་ནོར་དུ་གྲགས་ཆེ་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གཙོས་མཚོ་དང་མཚེའུ་སུམ་བརྒྱར་ཉེ་བ་ཡོད་པ་དང་། རི་རྐེད་ཕལ་ཆེ་བ་རྩི་ཤིང་ནགས་ཀླུང་གིས་བཏུམས་པའི་ཁྲོད་དུ་བྱ་བྱེའུ་དང་གཅན་གཟན་སོགས་སེམས་ཅན་སྣ་ཚོགས་ཀྱི་གྲངས་མང་བ་དང་། མཐའ་ཡས་པའི་རྩྭ་ཐང་ཀུན་ཏུ་ཕྱུགས་ཟོག་གི་འཕེལ་ཁ་རྒྱས་ཤིང་རི་དྭགས་སྣ་ཚོགས་ཀྱི་བང་མཛོད་དུ་གྱུར་ཡོད། རྨ་ཆུ་དང་འཇུ་ལག་ཆུ་བོ། ཙོང་ཆུ། མང་ཆུ། འབའ་ཆུ། བུ་ཧཱ་ཆུ་བོ། རྫ་ཆུ། ཀླུ་ཆུ། བསང་ཆུ། དགུ་ཆུ། འབྲུག་ཆུ། རྔ་ཆུ། རྒྱལ་རོང་རྒྱལ་མོའི་རྔུལ་ཆུ། ཟུང་ཆུ་སོགས་འབབ་པའི་སྨད་རྒྱུད་དུ་གནམ་གཤིས་ཀྱི་ཚ་གྲང་ཅུང་སྙོམས་པས་འབྲུ་རིགས་སྣ་ལྔའི་ཞིང་ལས་ཐོན་སྐྱེད་དང་། ཤིང་ཏོག་འདྲ་མིན། རྩ་ཆེའི་སྨན་རྩྭའི་རྣམ་གྲངས་སོགས་ཀྱི་ཐོན་ཁུངས་ཧ་ཅང་ལེགས་ཤིང་། རང་བྱུང་གཏེར་དངོས་ཀྱི་ཐོན་རྫས་དང་གཏེར་ཁའི་རྣམ་གྲངས་ཤིན་ཏུ་མང་བས་དེང་སྐབས་རྒྱ་ནག་རྒྱལ་ཡོངས་ཀྱི་རང་བྱུང་གཏེར་དངོས་ཀྱི་བརྒྱ་ཆའི་ཚད་མཐོ་བོར་བཟུང་ཡོད། ཡུལ་འདིའི་ས་ཁྱོན་ཆེ་ཆུང་ནི་དེང་རབས་ཀྱི་བཤད་ཚུལ་ལྟར་སའི་གོ་ལའི་ཤར་གྱི་གཞུང་ཐིག་Longitudes ༨༩།༡༣ ནས་༡༠༤།༤༤ བར་དང་། བྱང་གི་འཕྲེད་ཐིག་latitudes ༣༡ ནས་༣༩།༢༡ བར་གནས་ཡོད་པས། བོད་གངས་ཅན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་པ་དེ་ལས་མདོ་སྨད་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་དྲུག་འབུམ་བདུན་ཁྲི་བཞི་སྟོང་ལྷག་ཡོད་པས་ཡུལ་ཁམས་ཧ་ཅང་ཆེ། སྤྱི་ལོ་༡༩༥༩ ཚུན་རྒྱ་དམར་གཞུང་གིས་ཁ་བྲལ་དུ་གཏོང་བ་དང་དབང་སྒྱུར་བར་སྟབས་བདེ་བའི་ཆེད་དུ་མཚོ་སྔོན་དང་། རྒྱ་ནག་ཀན་སུའུ་དང་། རྒྱ་ནག་སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁོངས་སུ་བཅུག་སྟེ་རང་སྐྱོང་ཁུལ་ཟེར་བ་བདུན་དང་། རང་སྐྱོང་རྫོང་ཟེར་བ་བདུན། ས་ཁུལ་གཅིག་བཅས་ཀྱི་ཁོངས་སུ་བགོས་ནས་དབང་སྒྱུར་བྱས་ཡོད། དེ་ཡང་མཚོ་སྔོན་ཞིང་ཆེན་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཁྲི་ཀ མང་ར། རྩི་གོར་ཐང་། འབའ་རྫོང་། ཆབ་ཆ་བཅས་རྫོང་ཁག་ལྔ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་དབུས་ལམ་དང་། ཐེམ་ཆེན། དུར་ལམ་བཅས་རྫོང་ཁག་གསུམ་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་རྨ་ཆེན་དང་། རྨ་སྟོད། དགའ་བདེ། དར་ལག པད་མ། གཅིག་སྒྲིལ་བཅས་རྫོང་ཁག་དྲུག་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་དཔའ་རིས་རྒྱ་ལྡོག་དང་སེམས་ཉིད་སོགས་ཡོད་སའི་མེན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཟེར་བ་དང་། མདོ་ལ། རྐང་ཚ། རྒྱ་མདོ་བཅས་རྫོང་ཁག་བཞི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་རེབ་གོང་དང་། གཅན་ཚ། རྩེ་ཁོག མདའ་ཚན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བཅས་ཁྱོན་རྫོང་ཁག་ཉེར་གཉིས་ཙམ་ཡོད། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་བསང་ཆུ་དང་། ཀླུ་ཆུ། རྨ་ཆུ། ཅོ་ནེ། བ་ཙེ་དང་གཡེར་པ་སོགས་ཀྱི་ལིན་ཐན་རྫོང་། འབྲུག་ཆུ། ཐེ་བོ། དཔའ་རིས་བཅས་ཁྱོན་རྫོང་ཁག་བརྒྱད་ཡོད། སི་ཁྲོན་ཞིང་ཆེན་ནང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་རྔ་བ་རྫོང་དང་། མཛོད་དགེ། རྐ་ཁོག འཛམ་ཐང་། ཆུ་ཆེན། འབར་ཁམས། བཙན་ལྷ། ལིས་ཞན། ལུང་དགུ ཁྲོ་ཆུ། ཟུང་ཆུ། རྣམ་འཕེལ། རྟ་དམག་(དེང་སྐབས་རྒྱ་ནག་གིས་ཆང་རིགས་སུ་འབོད་པ)རང་སྐྱོང་བཅས་རྫོང་ཁག་བཅུ་གསུམ་ཡོད། མཚོ་ཤར་ས་ཁུལ་ཟེར་བའི་ཁོངས་སུ། ཚེ་ཏན་དང་བཀའ་མ་ལོག་སོགས་མེན་ཧོ་རྫོང་དང་། གྲོ་ཚང་སོགས་ལུའུ་ཏུའུ་རྫོང་། སྟག་འཚེར་དང་སྐུ་འབུམ་ཚོ་དྲུག་སོགས་ཕེན་ཨན་རྫོང་། ཆུ་བཟང་དང་དགོན་ལུང་སོགས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། བཱ་ཡན་དང་ད་འདུག བྱ་ཁྱུང་སོགས་གཅན་ཚའི་ཉིན་ཕྱོགས་ལ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། རྡོ་སྦིས་དང་བསེ་ཆང་ཀ་རིང་སོགས་ཞུན་ཧྭ་ཟ་ལར་རང་སྐྱོང་རྫོང་། སྐུ་འབུམ་ཉེ་འཁོར་ཕལ་ཆེ་བ་ཡོད་སའི་ཧོང་ཀྲུང་རྫོང་། སྟོང་འཁོར་དང་ཉི་ཟླ་སོགས་ཧོང་ཡོན་རྫོང་། ཙོང་ཁ་རྒྱལ་པོའི་རྒྱལ་ས་སྟེ་ཟི་ལིང་གྲོང་ཁྱེར་ཁོངས་སུ་གསེར་ཁོག་སོགས་ཏཱ་ཐུན་རྫོང་བཅས་ཁྱོན་རྫོང་ཁག་དགུ་ཡོད། འདི་ལྟར་མདོ་སྨད་ཀྱི་ཡུལ་ལུང་རྣམས་རྒྱ་དམར་གཞུང་གིས་རྫོང་རིམ་པ་ལྔ་བཅུ་ང་གཉིས་ཀྱི་ཁོངས་སུ་བགོས་ཡོད་ཀྱང་གོང་གསལ་རྫོང་ཁག་ཁོངས་སུ་མ་ཚུད་པའམ་མི་རིགས་གཞན་གྱི་མིང་བཏགས་པའང་ཧ་ཅང་མང་། དཔེར་ན། བོད་ཀྱི་ས་ཆ་ཁ་ཤས་ནི་ཀན་སུའུ་ཞིང་ཆེན་ནང་ཀན་སུའུ་སུའུ་པེ་སོག་རིགས་རང་སྐྱོང་རྫོང་དང་། སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་། ཝུའུ་ཏུའུ་རྫོང་དང་ཝུན་ཞན་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་པ་དང་། དེ་བཞིན་སི་ཁྲོན་ཞིང་ཆེན་ནང་ཕེན་ཝུའུ་རྫོང་དང་། པེ་ཁྲོན་རྫོང་། ཞིན་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་པས་ཞིབ་ཕྲ་ལོ་རྒྱུས་དག་ལས་ཤེས་པར་བྱའོ།།

མདོ་སྨད་ཀྱི་ཡུལ་འདིར་ཤེས་རིག་བྱུང་འཕེལ་གྱི་གནས་བབ་མདོ་ཙམ་བརྗོད་ན། འཚོ་གནས་སྡོད་གསུམ་གྱི་ཆ་ནས་ཡབ་མེས་ནས་བརྒྱུད་པའི་སྦྲ་གུར་དང་ཁང་ཁྱིམ། ཨམ་ཆས་དང་ཨམ་ཟས་བཅས་ཀྱི་ཁྱད་ཆོས་མི་འདྲ་བ་མ་ཟད། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་ལ་ཡུལ་འདིར་རིག་གནས་དང་། ཆོས་ལུགས། རྒྱལ་ཐབས་སོགས་དར་རྒྱས་བྱུང་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མཐོང་ཐུབ་པ་དཔེ་མཚོན་འགའ་ཞིག་བཀོད་ན། ལྡེའུ་ཆོས་འབྱུང་སོགས་སུ་སྤྱི་ལོའི་དུས་རབས་དང་པོའི་ནང་མདོ་སྨད་འ་ཞའི་ཡུལ་ནས་རྒྱལ་པོ་གྲི་གུམ་བཙན་པོའི་མཆོད་གནས་ལྟ་བུར་གདན་དྲངས་པའི་ལོ་རྒྱུས་ཡོད་པས། སྐབས་དེར་མདོ་སྨད་དུ་བོན་སྒྲུང་ལྡེའུ་སོགས་ཀྱི་རིག་གཞུང་དར་རྒྱས་བྱུང་བ་རྟོགས་ནུས་ཤིང་། སྤྱི་ལོ་༥༧༩ ཡས་མས་སུ་བྱོན་པའི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་སྟག་རི་གཉན་གཟིགས་སམ་དམུས་ལོང་དཀོན་པ་བཀྲའི་མིག་འབྱེད་ཕྱིར་ཡབ་ཀྱི་བཀའ་བཀོད་ལྟར་མདོ་སྨད་ཀྱི་ནང་ཚན་འ་ཞའི་ཡུལ་ནས་འ་ཞའི་སྨན་པ་སྤྱན་དྲངས་ཏེ་རྒྱལ་བོའི་སྤྱན་ཕྱེ་བའི་ལོ་རྒྱུས་སོགས་ལ་བལྟས་ཚེ་བོད་ཀྱི་ཡུལ་ལུང་གཞན་ལས་མདོ་སྨད་དུ་གསོ་རིག་ལག་ལེན་དར་རྒྱས་ཆེ་ཙམ་བྱུང་བ་རྟོགས་ནུས་པ་ལྟ་བུའོ།། གཞན་ཡང་འཕགས་པའི་ཡུལ་ནས་མཉམ་མེད་ཤཀྱཱ་སེང་གེའི་བསྟན་པ་བོད་གངས་ཅན་པའི་གནས་འདིར་དར་རྗེས། བོད་བཙན་པོའི་རྒྱལ་རབས་མཐའ་མ་རྒྱལ་བོ་གླང་དར་གྱིས་བསྟན་པ་ཡོངས་སུ་བསྣུབས་ན་ཡང་། ཡུལ་འདི་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཏེ་བསྟན་པ་ཕྱི་དར་བོད་ཁམས་ཡོངས་སུ་ཁྱབ་པའི་ལོ་རྒྱུས་ལྡན་ཞིང་། མཉམ་མེད་རྗེ་ཙོང་ཁ་བ་ཆེན་པོ་སྐུ་དངོས་སུ་བལྟམས་པའི་གནས་མཆོག་ཁྱད་པར་བ་དེ་ཡིན་ལ། སྐུ་འབུམ་དང་བླ་བྲང་། བྱང་གི་དགོན་ཆེན་བཞི་ལ་སོགས་པའི་བསྟན་པ་དང་ཆོས་ལུགས་རིས་མེད་ཀྱི་དགོན་མ་ལག་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཙམ་མདོ་སྨད་ཀྱི་ཡུལ་ལུང་གང་སར་བརྗིད་ཆགས་ཤིང་མདོ་སྔགས་རིག་གནས་དར་ཞིང་རྒྱས་པ་དབྱར་མཚོའི་དཔལ་ལ་འགྲན་ཞིང་། དམ་པའི་ཆོས་ཀྱི་བྱིན་གྱིས་རླབས་ཏེ་འགྲོ་བའི་བློ་ཁ་ཆོས་ལ་ཕྱོགས་ནས་ཡུལ་ཀུན་ཏུ་ཞི་བདེའི་རྣམ་པས་ཁྱབ་ཡོད། འོན་ཀྱང་དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་ནས་རྒྱ་དམར་གཞུང་གིས་མདོ་སྟོད་སྨད་ནས་བཟུང་རིམ་གྱིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་ཏེ་བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་དུ་བཟོ་འཆར་སྲིད་ཇུས་ལག་བསྟར་ཁྲོད། མདོ་སྨད་ཀྱི་ཡུལ་འདི་ལའང་མི་རིགས་རིག་གཞུང་དང་བཅས་པར་ཆག་འཇིག་བརྗོད་ཀྱིས་མི་ལང་བ་ནི་ཨ་ལགས་ཙ་ཡེས་མཛད་པའི་< < ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་> > སོགས་ཉེ་རབས་ཀྱི་ལོ་རྒྱུས་འདྲ་མིན་དུ་བཀོད་པ་ལྟར་དང་། ཕྱི་ལོ་༢༠༠༨ ལོར་མདོ་སྨད་ཀྱི་ས་ཁྱོན་ཡོངས་སུ་ཁྱབ་པའི་ཞི་རྒོལ་ནི་མདོ་སྨད་ཀྱིས་རྩོམ་སྒྲིག་བྱས་པའི་< < ས་བྱིའི་ཞི་རྒོལ་ཆེན་མོ > > དང་། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྡུ་སྒྲིག་གནང་བའི་< < བོད་མིའི་སྐྱིད་སྡུག་མཉམ་མྱོང་> > གཞིས་སྡོད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བརྩམས་པའི་< < གངས་སེང་གི་ངར་སྒྲ > > སོགས་སུ་གསལ་བ་ལྟར་ཡིན། དུས་རབས་ཉི་ཤུའི་ནང་རྒྱའི་གཡོ་ཇུས་འོག་བུས་ཕ་བསད་ཅིང་། ཕས་བུ་བསད་པ། ནང་མི་བསད་པའི་བེམ་རོའི་སྟེང་དུ་ཞབས་བྲོ་འཁྲབ་ན་བྱ་དགའ་སྤྲད་པའི་ལོ་རྒྱུས་ཀྱང་བྱུང་ཡོད་པའི་གནས་ཚུལ་མདོར་བསྡུས་ཙམ་མོ།།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com