ཕྱི་ལོ་༢༠༢༢ ཟླ་༣་ཚེས་༢༠་ཉིན་སུད་སི་མདོ་སྨད་ས་གནས་རྒྱུན་ལས་གོ་སྒྲིག་འོག ཉེ་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁང་གི་བཀའ་ཁྱབ་ལྟར། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་། མཛད་འཕྲིན་རྒྱས་པ། བོད་འབངས་བསོད་ནམས་བསག་ཐབས་བཅས་སུ་དམིགས་ཏེ། བོད་མིའི་སྡོད་སྒར་ཁག་ནང་བོད་ཟླ་དང་པོའི་ནང་ཚུད། ཡུལ་ཁྲུས་དང་འབྲེལ་བསང་གསོལ། རླུང་རྟ་དར་འཛུག སྲུང་མ་སྤྱིའི་འཕྲིན་སྐུལ། ངན་སློང་ལ་སྦྱིན་པ་དང་། བྱིས་སྟོན་དེ་བྱིས་པར་གསོལ་ཚིགས་འདྲེན་པ་སོགས་དགེ་སྐུལ་སྤྱི་སྒེར་གཉིས་ནས་ཡོང་རེ་སྙམ་པ་ཞེས་གསལ་བསྒྲགས་གནང་བ་བཞིན། སུད་སི་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམས་ཀྱིས་གཙོས་མི་མང་ལྷན་འཛོམས་གྱིས་ཞབས་རིམ་ཞིག་གོ་སྒྲིག་གནང་སོང་།
མཛད་རིམ་འདིར་རི་ཀོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སློན་མཆོག་གིས་གཙོས་མཁན་བླ་དགེ་འདུན་རྣམས་དང་། སྤྱི་ཟུར་རྣམ་པ། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། གཞན་ས་གནས་ཆོལ་ཁ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ཆོལ་གསུམ་མི་མང་བརྒྱ་ལྷག་འདུ་འཛོམས་ཐོག་༧རྒྱལ་བའི་ཞབས་རིམ་ཆེད་ཡུལ་ཁྲུས་དང་། བསང་གསོལ། སྲུང་མ་སྤྱིའི་སྐོང་གསོལ། བདེན་ཚིག་སྨོན་ལམ་དང་། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་བཅས་ཀྱིས་མཚོན་ཞབས་རིམ་གནད་སྨིན་གནང་གྲུབ་བྱུང་།
སུད་སི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་སྨོན་ལམ་ལགས་ཀྱི་མཛད་རིམ་དང་འབྲེལ་བའི་གཏམ་བཤད་ངོ་སྤྲོད་གནང་དོན། ད་རེས་ཞབས་རིམ་འདི་ནི་ཆོས་རིག་ལས་ཁང་གི་བཀའ་ཁྱབ་དང་། བོད་འབངས་བསོད་ནམས་བསག་ཆེད་སུད་སིའི་མདོ་སྨད་མི་མང་གིས་དང་བླངས་ཀྱིས་ཞལ་འདེབས་ཕོན་ཆེན་གནང་བ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་དང་། མ་འོངས་པར་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་གནང་སོང་།