:
| སྤེལ་དུས: 04 ཟླ་གསུམ་པ། 2017
| ཀློག་གྲངས: 1863
ཕྱི་ཚེས་༢༧ ཉིན་དང་བོད་རྒྱལ་ལོ་༢༡༤༤ ལོའི་བོད་ཟླའི་ཚེས་༡ ཉིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་། སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་ངོས་ནས་མེ་མོ་བྱ་ལོའི་ལོ་སར་སྲུང་བརྩི་གནང་ཡོད་འདུག
གོང་ཚེས་ཉིན་སུད་སི་དང་ལེག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་རི་ཁོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེན་འདུན་པ་རྣམས་དང་། མི་མང་སུམ་བརྒྱ་ལྷག་འདུ་འཛོམས་ཐོག་བོད་རྒྱལ་ལོ་༢༡༤༤དང་མེ་མོ་བྱ་ལོའི་ལོ་སར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འགྲོ་སྟངས་མ་ཉམས་པའི་ཐོག་ནས་སྲུང་བརྩི་གནང་ཡོད་འདུག་ལ། ལོ་སར་འདི་བཞིན་ལོ་ལྟར་སྒྲིག་འཛུགས་ཀྱི་ངོས་ནས་སྲུང་བརྩི་གནང་གིན་ཡོད་འདུག
སྤྱིར་བོད་ཀྱི་ལོ་སར་ནི་བོད་མི་རྣམས་ལ་མཚོན་ན་ནང་མི་ལྷན་འཛོམས་དང་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་ལོ་གསར་པ་ཞིག་གི་འགོ་སློང་བའི་ཉིན་མོ་གལ་ཆེན་ཞིག་ཡིན་ནའང་། ༡༩༤༩ ལོ་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བོད་མི་རྣམས་བློ་བདེ་བག་ཕེབ་ཀྱི་ལོ་སར་ཞིག་ལ་རོལ་ཐུབ་མེད་ལ། དམིགས་བསལ་༡༩༥༩ ལོར་༧གོང་ས་མཆོག་གིས་གཙོས་པའི་བོད་མི་འབུམ་གཅིག་ལྷག་བཙན་བྱོལ་དུ་སླེབས་དགོས་བྱུང་བ་ནས། བོད་རིགས་རྣམས་བོད་གཞིས་བྱིས་གཉིས་སུ་གྱེས་ཏེ་ནང་མི་ལྷན་འཛོམས་གྱི་དགའ་བདེ་ལོངས་སུ་སྤྱོད་པའི་དུས་ད་དུང་བྱུང་མེད།
འོན་ཀྱང་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཁ་འཐོར་ནས་གནས་དགོས་བྱུང་ཡང་། བོད་མི་འདུས་སྡོད་བྱེད་སའི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་བོད་ཀྱི་ལོ་སར་སོགས་ཀྱིས་མཚོན་པའི་བོད་པའི་སྲོལ་རྒྱུན་བཟང་བོ་གང་ཡོད་བོད་རིགས་གཞོན་སྐྱེས་ཚོར་ངོ་སྤྲོད་དང་དར་སྤེལ་གཏོང་གནང་བཞིན་པ་རེད་ལ། ལོ་སར་སོགས་ཀྱིས་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་ཐུབ་ཐབས་ལ་འབད་བརྩོན་གནང་བཞིན་པ་རེད་འདུག