11268135 1038470182847973 1158752458 nསུད་སི་མདོ་སྨད་མི་དམངས་ཀྱི་གསེར་གྱི་གཟེངས་རྟགས་འདི་ནི། བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆེས་དཀའ་སྡུག་ཆེ་ཞིང་།ཆགས་འཇིག་གི་ཉེན་འཕྲང་བསྐྱངས་པའི་བོད་ཀྱི་སྲི་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཤིག་འབུལ་བ་གཏན་འཁེལ་པའི་རྟགས་མ་ཞིག་ཡིན། རྟགགས་མ་འདིའི་མིང་ལ་༼     སུད་སི་མདོ་སྨད་མི་དམངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་༽   ཞེས་བརྗོད་པ་ཡིན་ལ།

གཟེངས་རྟགས་འདི་འབུལ་དགོས་པའི་དམིགས་ཡུལ་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ལ་རླབས་ཆེན་མཛད་རྗེས་བཞག་པ་ལ་མི་དམངས་ཀྱིས་ངོས་འཛིན་དང་མ་འོངས་བོད་ཀྱི་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་མཛད་རྗེས་གནས་ཐུབ་པའི་ཆེད་དུ་ཡིན།

ཐེངས་འདིའི་གཟེངས་རྟགས་དང་པོ་འདི་ཡོ་རོབ་གནས་སྡོད་མདོ་སྨད་ཤེས་ལྡན་མི་སྣ་དང་རྒན་རབས་པ་མང་པོར་བསམ་ཚུལ་བསྡུ་ལེན་བྱས་པ་བརྒྱུད། དཔལ་ལྡན་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་འབུལ་རྒྱུ་མང་མོས་འདེམས་ཐོན་བྱུང་བ་ལྟར། སུད་སུ་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་ཆེན་ཐེངས་དང་པོ་བོད་རྒྱལ་ལོ་༢༡༤༠ ཕྱི་ལོ ༢༠༡༣ ལོའི་ཟླ་༤ ཚེས ༡༩ ཉིན་སུད་སི་ས་གནས་ཤི་ལྦེ་ཙི་རུ་ལྷན་འཛོམས་ཚོགས་འདུའི་མཛད་སྒོའི་སྟེང་སུད་སི་མདོ་སྨད་མི་དམངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འདི་བཞིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་དངོས་སུ་ཕུལ་པ་ཡིན། བོད་རྒྱལ་ལོ།

  • 11268135_1038470182847973_1158752458_n
  • unnamed_20
  • 11216384_1038469602848031_1622273550_n
  • 11258557_1038473279514330_2146746135_n
  • unnamed_13
  • 11256423_1038473799514278_729283445_n
  • 11245299_1038470156181309_1787083564_n

བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་རླབས་ཆེན་མཛད་རྗེས་ཅན་དཔལ་ལྡན་བཀའ་བློན་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་གི་མཛད་རྣམ་སྙིང་བསྡུས།

བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ༡༩༢༨ ལོར་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། རྒྱལ་དབང་མཆོག་མདོ་སྨད་ནས་དབུས་སུ་ཆིབས་བསྒྱུར་སྐབས་མཉམ་ཕེབས་ཀྱིས་ལྷ་སར་འབྱོར། དེ་རྗེས་ལྷ་སའི་ཏར་ཁང་སློབ་གྲྭར་བོད་ཡིག་སློབ་སྦྱོང་གནང་བ་དང་། ཤིང་སྤྲེལ་སྤྱི་ལོ༡༩༤༤ ལོར་རྒྱ་གར་བརྒྱུད་རྒྱ་ནག་ཏུ་ཕེབས་ཏེ་གོ་མིན་ཏང་གི་རྒྱལ་ས་ནན་ཅིན་དུ་ཡོད་པའི་དབུས་ཆབ་སྲིད་སློབ་གྲྭ་ཆེན་མོའི་ནང་ཞུགས་ཏེ་ཆབ་སྲིད་དང་། ལོ་རྒྱུས། དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། དངོས་ཁམས། རྩིས་རིག དབྱིན་ཡིག་སོགས་ལ་སློབ་སྦྱོང་གནང་། ས་གླང་སྤྱི་ལོ་༡༩༤༩ རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་གྱིས་བོད་ནང་བཙན་འཛུལ་དཔུང་འཇུག་བྱེད་བཞིན་པར་བརྟེན། ཧོང་ཀོང་བརྒྱུད་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་གཞུང་དང་ཨ་རི་སོགས་སུ་བོད་དོན་ཆེད་འབྲེལ་བ་གསར་འཛུགས་ཀྱིས་ཕྱག་ལས་སྣ་མང་མཛད།

ཆུ་འབྲུག་སྤྱི་ལོ ༡༩༥༢ ལོའི་ལོ་མགོར་བོད་དུ་ཕྱིར་ཕེབས་ནས་ཕྱག་ལས་གནང་ནའང་། སྐབས་དེར་བོད་ནང་རྒྱ་དམར་བཙན་འཛུལ་བས་བཙན་ཤུགས་ཀྱིས་དབང་བསྒྱུར་བྱེད་ཐབས་ཇེ་ཆེར་སོང་སྟེ་སྲིད་ཚབ་རྣམ་གཉིས་ཀྱང་དགོངས་པ་མི་གཏོང་ཐབས་མེད་བྱུང་བ་སོགས་བོད་ཀྱི་ཆབ་སྲིད་གནས་བབས་ཛ་དྲག་པོའི་རྐྱེན་གྱིས་ལོ་དེའི་སྤྱི་ཟླ ༥བའི་ནང་སླར་ཡང་བོད་དོན་འཐབ་རྩོད་ཆེད་གསང་སྟབས་ངང་རྒྱ་གར་དུ་ཕེབས་བཞུགས་ཀྱིས། དེང་དུས་ཀྱི་ཆབ་སྲིད་རིག་གནས་སོགས་ལ་ཐུགས་གཉེར་སྦྱངས་པ་གནད་སྨིན་མཛད་ཐོག་བོད་བསྟན་སྲིད་སྤྱིའི་ཆེད་ཕྱག་ལས་རྒྱ་ཆེར་གནང་བ་དང་། ལྷག་པར་དུ་རྒྱ་གར་ཀ་རྡོར་ཁུལ་དུ་བོད་ཀྱི་བདེ་དོན་ཚོགས་པ་གསར་འཛུགས་ཐོག་བོད་དོན་བདེ་སྡུག་གི་སྙན་ཞུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོག་མར་འབུལ་གནང་མཛད་པ་དང་། རྒྱལ་ཁབ་༢༠ ལྷག་ལ་བོད་དོན་ཐད་རོགས་རམ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཞུས་ཤིང་། ཨ་རིའི་དབུས་གསང་བའི་ལས་ཁུངས་དང་གསང་བའི་འབྲེལ་ལམ་མང་པོ་གནང་སྟེ། གློག་འཕྲིན་ཚོགས་ཆུང་འཛུགས་གཉེར་བྱས་པའི་རང་རེའི་དྲག་པོའི་རྟེན་གཞི་ཁག་ལ་གནམ་ས་གཉིས་ནས་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་གནང་། ས་ཕག་སྤྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་དྲག་གནོན་དུས་འགྱུར་དབང་གིས་རྒྱལ་དབང་མཆོག་གི་དབུས་བོད་གཞུང་གི་མཛད་གཙོ་རྣམ་པ་དང་སེར་སྐྱ་ཁྲི་སྟོང་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས། རྒྱ་གར་གཞུང་གིས་སྲིད་དོན་དང་འབྲེལ་བའི་ལས་འགུལ་ལ་ཆེས་དམ་དྲག་གནང་བཞིན་པའི་གནས་བབས་འོག ཁོང་གིས་དངོས་ཤུགས་བརྒྱུད་གསུམ་གྱིས་གསང་བའི་ལས་འགུལ་ཆེད་དུ་མཛད་དཀའ་བའི་ཐུགས་འགན་མང་པོ་བཞེས་ཏེ་ལས་འགུལ་གྱི་དབུ་ཁྲིད་མཛད་པ་དང་། དེ་རྗེས་རྒྱ་གར་གཞུང་དང་འབྲེལ་ལམ་ཟབ་ཏུ་སོང་རྗེས། གསུམ་འབྲེལ་ལས་ཁུངས་༼ཨ་རི་དང་། རྒྱ་གར། བོད་༽གསར་འཛུགས་ཀྱིས་གློ་ཁུལ་དུ་འཇབ་དམག་གི་རྟེན་གཞི་དང་། ཌེ་ཌོན་དང་སློབ། ཧིན་བོད་མཐའ་མཚམས་སྐོར་སྲུང་དམག་སྒྲིག ITBP བཅས་ཀྱང་རིམ་པས་གསར་འཛུགས་གནང་བ་དང་དུས་མཚུངས་སུ་བོད་ནང་དུ་གསང་བའི་ལས་འགུལ་ཁག་ཁྱབ་སྤེལ་མཛད་པ་དང་། མི་སུ་རིར་རྒྱལ་དབང་མཆོག་གིསབོད་གཞུང་གསར་འཛུགས་སྐབས་ཕྱི་སྲིད་བཀའ་བློན་དུ་བསྐོ་བཞག་བསྩལ་བ་ལྟར་ལས་འཁུར་གྱིས་ས་བྱ་སྤྱི་ལོ་༡༩༦༡ ལོའི་བར་མི་ལོ་བཅུ་ལྷག་གི་རིང་ལ་རྒྱལ་སྤྱིའི་སྡིངས་ཆའི་སྒང་བོད་དོན་འབྲེལ་ལམ་གསར་འཚོལ་མཛད་པ་སོགས་གལ་ཆེའི་ཕྱག་ལས་སྣེ་མང་མཛད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་བདེ་སྡུག་སྙན་ཞུའི་ཐུགས་འགན་ཆེ་བཞེས་གནང་ནས་སྔ་རྗེས་སུ་བོད་དོན་གྲོས་ཆོད་ཁག་གསུམ་འཇོག་གནང་མཛད་ཐུབ་པ་བྱུང་ཡོད།

དེ་རྗེས་གཞུང་གི་མཚན་གནས་ཀྱི་འགན་དམིགས་བསལ་བཞེས་མེད་ཀྱང་། བཙན་འཛུལ་རྒྱ་དམར་གྱི་གདུག་རྩུབ་འོག་སྡུག་བསྔལ་གྱིས་ཡོངས་སུ་མནར་བའི་བོད་མི་དམངས་ཀྱི་རང་དབང་བདེ་སྐྱིད་དང་དགོས་འདུན་འགྲུབ་ཆེད། ས་ལུག་སྤྱི་ལོ༡༩༧༨ ལོ་ནས་བཟུང་རྒྱ་ནག་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཏིན་ཞོ་ཕིན་སོགས་ཐུག་འཕྲད་གནང་སྟེ། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་བོད་རྒྱ་འབྲེལ་ལམ་འཕེལ་མེད་རང་སོར་གནས་པའི་ཆབ་སྲིད་ཀྱི་དུས་བབ་ལ་འགྱུར་ལྡོག་དང་ཤུགས་རྐྱེན་ཆེ་བའི་ཕྱག་ལས་མང་པོ་གནང་ཡོད་པ་མ་ཟད། ལྷག་པར་དུ་སྐུ་དངོས་རྒྱ་ནག་ཏུ་ཞི་མོལ་ཆེད་སྔ་རྗེས་སུ་ཕེབས་འབྲས་ལ་གཞིས་བྱེས་གཉིས་སུ་གྱེས་པའི་བོད་མི་རྣམས་ཤི་གསོན་ངོ་ཐུག་པ་དང་ཁྱད་པར་མེད་པའི་གཉེན་འཕྲད་འགྲོ་འོང་གི་རང་དབང་བྱུང་བ་དང་། རྒྱལ་དབང་མཆོག་གི་བཞེད་དགངས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པའི་ཕྱག་ལས་རྒྱ་ཆེར་གནང་།

ར་བྱུང་བཅུ་བདུན་པའི་ལྕགས་ལུག་སྤྱི་ལོ་༡༩༩༡ ལོར་སྐབས་བཅུ་གཅིག་པའི་གྲོས་ཚོགས་ནང་འདེམས་ཐོན་བྱུང་བ་བཞིན། ཤིང་ཁྱི་སྤྱི་ལོ་༡༩༩༤ལོ་བར་བཀའ་བློན་ཁྲི་བའི་མཛད་འགན་བཞེས། དེ་རྗེས་བོད་དང་ཐེ་བེན་བར་གྱི་གནད་དོན་ཐད་ཐེ་བེན་གཞུང་དང་འབྲེལ་མཐུད་རིམ་པར་གནང་འབྲས་སུ། ཐེ་བེན་གཞུང་གི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གསལ་བོ་བྱུང་སྟེ། མེ་གླང་སྤྱི་ལོ་༡༩༩༧ ལོར་རྒྱལ་དབང་མཆོག་ཐེ་བེན་ཏུ་ཕེབས་པས་བཀའ་དྲིན་བསྐྱངས་གནང་མཛད་པ་དང་དུས་མཚུངས་སུ་བོད་དང་ཐེ་བེན་བར་ཆོས་རིག་གཉིས་དང་ཆབ་སྲིད་ཀྱི་འབྲེལ་ལམ་བཟང་བོ་བྱུང་བ་དང་། ཐེ་བེན་དུ་རང་གཞུང་སྐུ་ཚབ་དོན་གཅོད་གསར་འཛུགས་གནང་བས་མཚོན་བོད་སོག་ལས་ཁུངས་ཀྱི་དངུལ་དངོས་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་དཀྲུག་རྒྱའི་ལས་གཞི་འགོག་ཐབས་སུ་ནུས་པ་ཆེན་པོས་ཕྱག་ལས་རིམ་པར་གནང་བའི་མཛད་རྗེས་ཆེན་པོ་་བཞག་ཡོད།

མདོར་ན།   རང་ཉིད་དགུང་གྲངས་ཉི་ཤུ་ཙམ་ནས་མ་བསྐུལ་དང་བླངས་ཀྱིས། བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་གནང་མཁན་ཞིག་ཡིན་པ་དང་། ཉིན་མཚན་ཀུན་ཏུ་དཀའ་ཉེན་ལ་འཛེམས་མེད་ཀྱིས་རྒྱལ་དབང་མཆོག་ལ་ཆར་བ་ཆུ་གྲོགས་དང་། ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འདོན་མཁན་བོད་མི་རིགས་ཀྱི་རྒྱལ་གཅེས་དབུ་ཁྲིད་གཉིས་པ་དང་། ཆེས་དཀའ་ངལ་དང་རྙོག་འཛིངས་ཆེ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་བསྟན་སྲིད་ལ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་པའི་རྒྱལ་གཅེས་དཔའ་བོ་ཞིག་ཡིན། གང་ཉིད་ཀྱི་མཛད་རྗེས་རྒྱ་མཚོ་ལྟ་བུ་ལས་མི་དམངས་ལ་ངོ་སྤྲོད་ཀྱི་ཚུལ་དུ་སྙིང་བསྡུས་ཤིག་སུད་སི་མདོ་སྨད་མི་དམངས་ཀྱིས་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་མཛད་སྒོ་དང་སྟབས་བསྟུན་ཐོལ་བྱུང་དུ་བཀོད་པའོ།།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com